"I teach one thing and one thing only,
suffering and the end of suffering.”."
- The Buddha
༄༅། །ལྷ་རྩེ་དབོན་སྤྲུལ་པདྨ་རིག་འཛིན་གྱི་རྣམ་ཐར་མདོར་བསྡུས་པདྨའི་དགའ་ཚལ། །
༄༅། །ལྷ་རྩེ་དབོན་སྤྲུལ་པདྨ་རིག་འཛིན་གྱི་རྣམ་ཐར་མདོར་བསྡུས་པདྨའི་དགའ་ཚལ། །
མཉམ་མེད་ཐུབ་དབང་ཨོ་རྒྱན་རྡོ་རྗེ་འཆང་། །སངས་རྒྱས་ཡེ་ཤེས་དཱམ་རྒྱ་ཞང་ཁྲོམ་དང་། །
ཡེ་ཤེས་རྒྱལ་མཚན་འཇིགས་མེད་སྐལ་བཟང་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད། །
རིགས་བརྒྱའི་གཙུག་རྒྱན་པདྨཱ་ཀར་དབང་གི །ཐུགས་ཀྱི་སྲས་མཆོག་བོད་ཡུལ་ས་ཆེན་ལ། །
སྣ་ཚོགས་སྤྲུལ་བ་གདུལ་བྱའི་སྣང་ངོར་ཤར། །བསམ་བཞིན་སྤྲུལ་བའི་སྐུ་རྣམས་གུས་པས་འདུད། །
ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག །སྲིད་གསུམ་མཚུངས་མེད་ཡོན་ཏན་ནོར་བུའི་སྐུ །
འགྲོ་བློའི་མི་ཤེས་རྨོངས་དགྲ་འདུལ་བའི་གཉེན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ཞེས་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་ཀྱིས་སོར་བཅུའི་མེ་ཏོག་འཐོར་ཞིང་ཕྱག་དང་བཅས་པས་མདུན་ལམ་ཡངས་པོར་ཕྱེ་སྟེ། གང་བརྗོད་པར་བྱ་བ་ནི་ལྷ་རྩེ་དབོན་སྤྲུལ་༸པདྨ་རིག་འཛིན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་པར་ཐར་བ་གླེང་བར་བྱེད་པ་ལ། ཐོག་མར་འཁྲུངས་ལོ་དང་འཁྲུངས་བའི་ཡུལ་ནི། ཕྱི་ལོ་༡༩༦༨ལོར་བོད་ཟླ་གསུམ་པའི་ཚེས་༡༡ཉིན་གསེར་རྟ་རྫོང་གསེར་པ་ས་ཁུལ་རྒྱ་ཤོད་ཡུལ་ཚོའི་ལྷ་རྩེ་གྱང་ར་ཚང་གི་ཁྱིམ་རྒྱུད་དུ། སྤུ་རྒྱལ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམས་གསུམ་སོགས་ཀྱི་དུས་སུ་མཐོང་ཆེན་གྱི་རིགས་རུས་སུ་གཏོག་པ་ལྷ་རྩེ་ཞེས་པའི་རིགས་རྒྱུད་དུ་སྐུ་འཁྲུངས། རུས་རྒྱུད་འདི་ནི་བོད་ཀྱི་གདོད་མའི་རུས་ཆེན་ལྔའི་ཡ་གྱལ་སྨུག་པོ་ལྡོང་ལ་མངའ་ཆེན་བཅོ་བརྒྱད་ཡོད་པ་ལས་ལྷ་རྩེ་སྟེ། སྤུ་རྒྱལ་བོད་ཀྱི་དུས་རབས་ནང་དུ་ལག་གཡས་དང་འདྲ་བའི་གཡས་རུའི་གྲས་སུ་མྱོང་ཡུལ་ན་གཞི་སྡོད་བྱས་ནས་ཡོད་པ་དང་། འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་མངའ་བདག་སྲོང་བཙན་སྒམ་པོ་དུས་སུ་ཤར་ཕྱོགས་སྲུང་དམག་ཏུ་རྒྱལ་རོང་ཡུལ་ཕྱོགས་སུ་བརྫངས་ནས། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་མངའ་ཁུངས་སུ་གཏོགས་པའི་ཡུལ། གསེར་རྟ་རྫོང་གི་སྨད་ཕྱོགས་གསེར་ཆུ་སྔོན་མོ་བཞུར་རྒྱུན་གྱི་ཡུལ་གསེར་ཁོག་ཞེས་པར་གཞི་ཆགས། ཁྱིམ་རྒྱུད་དེར་བུ་བཞི་མཚེ་མ་སྐྱེས་པ་རྒྱལ་ཆེན་སྡེ་བཞི་མཚན་གཅིག་གི་མནལ་ལམ་དུ་མིའི་སྐྱེ་བ་བཞེས་པར་གྲགས་ཏེ། ལྷ་ཡུལ་གྱི་ནུབ་གཅིག་མི་ཡུལ་གྱི་ལོ་ལྔ་བཅུ་ཡིན་པ་ལྟར། བུ་བཞི་བོ་མི་ལོ་ལྔ་བཅུ་ལོན་པའི་སྐབས་སུ་འདས་གྲོངས་སུ་སོང་བར་བཤད། བུ་དེ་རྣམས་ལ་ཨ་གནམ་བུ་བཞིར་གྲགས་ཅིང་། མཁས་པའི་འབྱུང་ཁུངས་མགར་བ་རྒྱུད། དཔའ་མཛངས་ཡ་མེད་ཁྲོ་ལ་འམ་འབུམ་ལྷ་རྒྱུད། ཆེ་བཙན་འགྲན་མེད་ཞྭ་བུ་རྒྱུད། སྨྲ་བཤད་ཟླ་མེད་ལུང་བ་རྒྱུད་དམ། ཡང་ན་བུ་རྒྱུད་འདི་ཁྱིམ་རྒྱུད་ཀྱི་གཞི་མལ་དུ་བསྡད་པས་མ་སྐོར་རམ་མལ་གྱི་རྒྱུད་ཞེས་འབོད་ལ། རིགས་རྒྱུད་འདི་དག་ལས་སྔ་རྗེས་སུ་དམ་པའི་སྐྱེས་ཆེན་དུ་མ་ཞིག་འཁྲུངས་པ་ནི། དུས་རབས་བཅུ་བཞིའི་ནང་དུ། མལ་རིགས་ད་ར་ཁ་ཆེ་ཀླུ་འབུམ་དགེའི་རིགས་རྒྱུད་དུ། བོད་གངས་ཅན་ཡུལ་དུ་སངས་རྒྱས་གཉིས་པར་གྲགས་པའི་༸ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་དང་། མཁར་བའི་རྒྱུད་ལས་དུས་རབས་བཅུ་བདུན་པའི་ནང་དུ་རྒྱལ་བ་དཔལ་ཡུལ་པའི་ཐོག་མའི་སློབ་ཆེན་བཞི་ལས་༸གསེར་སྟོན་ཡེ་ཤེས་རྒྱལ་མཚན་སོགས་བྱོན། གཞན་རྣམས་མང་དུ་བྱོན་ཀྱང་ཡིག་ཚོགས་མང་དོག་ནས་འདིར་མ་སྨྲས་སོ། །
ལྷ་རྩེ་རིན་པོ་ཆེ་མཆོག་ནི་དེ་ལྟ་བུའི་རིགས་རུས་ཆོ་འབྲང་སོགས་ཕུན་སུམ་ཚོགས་པའི་ལྷ་རྩེའི་གདུང་རིགས་འཛིན་པར་སྐུ་འཁྲུངས་ཤིང་། ཕ་ཡབ་ནི་གསོ་རིག་གཞུང་ལུགས་ལ་མཁས་ཤིང་། ནད་པ་རྒན་གཞོན་དང་ཕྱུག་དབུལ་ལ་མ་ལྟོས་པར་བྱམས་སེམས་དང་ལྡན་པའི་སྒོ་ནས་ནད་བཅོས་མཛད་པ་འཚོ་བྱེད་སྨན་པ་ལྷ་རྩེའི་གདུང་བརྒྱུད་འཛིན་པ་འོད་གསལ་ཉི་མ་ཟེར་ཞིང་། ཁོང་ནི་ལོ་ན་ཆུང་དུས་ནས་བཟུང་གཡུ་ཁོག་བྱ་བྲལ་བ་དང་། རྫོང་གནས་མཁན་པོ་བློ་གྲོས། རྡོ་གྲུབ་གླིང་སྤྲུལ་སོགས་དམ་པའི་སྐྱེས་ཆེན་མང་པོ་བླ་མར་བསྟེན་ཅིང་། ཁྱད་པར་དུ་རང་གི་ཁུ་བོ་ལྷ་རྩེ་བླ་མ་ཐར་བ་རྒྱལ་མཚན་ལས་ཤར་རྒྱལ་བ་དཔལ་ཡུལ་པའི་རྫོགས་པ་ཆེན་པོའི་སྙན་བརྒྱུད། ཞི་ཕྱག་རྫོགས་གསུམ་གྱི་གདམས་ངག་རྣམས་བུམ་པ་གང་བྱོས་ཚུལ་དུ་ཞུས་ཤིང་། ལྷ་རྩེ་སྒྲུབ་ཁང་གསང་ཆེན་ལྷུན་གྲུབ་ཕོ་བྲང་དུ་ལོ་དགུའི་བར་དུ་སྒྲུབ་པ་མཛད་པ་སོགས་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་སྦས་པའི་རྣལ་འབྱོར་པ་ཞིག་ཡིན། མ་ཡུམ་ནི་གཏེར་སྟོན་ལྷ་རྩེ་འགྲོ་འདུལ་རྡོ་རྗེས་སྐུ་གཤེགས་ཁར་རང་གི་ཉེ་གནས་བླ་མ་པདྨ་རྡོ་རྗེ་ལ་རང་གི་མཁའ་འགྲོ་དངོས་སུ་གནང་ཤིང་། ཁྱེད་གཉིས་ལ་བུ་མོ་སྐྱེས་བཟང་ཞིག་འཁྲུངས་ཚུལ་སོགས་ཀྱི་ལུང་བསྟན་གནང་བའི་བུ་མོ་འཛོམས་པ་ཟེར་བ་དེ་ཡིན་ནོ། །
ལྷ་རྩེ་རིན་པོ་ཆེ་སྐུ་བལྟམས་ནས་ཟླ་འགའ་སོང་བའི་རྗེས་སུ་ཁྱིམ་མཚེས་གྱང་སྟོད་ཚང་ཟེར་བ་ལ་བླ་མ་སྣང་གསལ་ཞེས་པའི་གྲུབ་དབང་གཡུ་ཁོག་བྱ་བྲལ་བའི་སློབ་མ་གྲུབ་བརྙེས་ཀྱི་སྐྱེས་བུ་དམ་པ་དུས་རབས་རྙིང་བར་གསེར་ལྷ་རྩེ་དགོན་པའི་དབུ་མཛད་ཆེན་མོ་མཛད་མྱོང་ཡོད་པ་དེ་ཉིད་ཀྱིས། དུས་ཟིང་ལ་མ་ལྟོས་བར་ཐུགས་བརྩེ་བ་ཆེན་པོས་སློབ་དཔོན་བཻ་རོ་ཙ་ནའི་སྒྲུབ་གནས། གནས་ཁྱུང་ངམ་དམུ་ཁྱུང་གི་སྒྲུབ་ཕུག་ལ་ཁྲིད་ནས་། གནས་དེའི་བཻ་རོའི་གྲུབ་ཆུ་ལ་བརྟེན་ཏེ་རྡོ་རྗེ་རྣམ་འཇོམས་གཟུངས་སྔགས་ཀྱི་སྒོ་ནས་སྐུ་ཁྲུས་གསོལ་བ་དང་། ཨོ་རྒྱན་པདྨའི་གསུངས་མནོལ་བསང་ལྷ་ཆབ་སྔོན་མོ་སོགས་ཀྱིས་བྱིན་གྱིས་བརླབ། དེར་མ་ཟད་བུ་འདི་མ་འོངས་པར་བསྟན་པ་ལ་ཕན་ངེས་ཤིག་ཡོང་བས་བདག་པོ་ལེགས་པར་བྱས་དགོས་གསུངས། གཞན་ཡང་བླ་མ་སྣང་གསལ་ཁོང་ཉིད་དང་བླ་གྲྭ་རྒན་པ་རྣམས་ཀྱིས། སྔོན་ཆད་ལྷ་རྩེ་དགོན་པའི་གྲུབ་དབང་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་དང་། ཆུ་ཕྱར་བླ་མ་ཨོ་རྒྱན་རིག་འཛིན་སོགས་ཀྱིས་རེ་སྒུག་བྱས་པའི་རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེས་ལྷ་རྩེ་དགོན་པ་ལ་ལུང་བསྟན་གནང་པའི་ནང་གི་པདྨའི་མཚན་ཅན་དང་ཤཱི་ལའི་མཚན་ཅན་གྱི་དམ་པའི་སྐྱེས་བུ་ཞིག་ཕེབས་པར་གསུངས་བ་དེ་ཁོང་རིན་པོ་ཆེ་ཉིད་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། རྡོ་བླ་བྱང་ཆུབ་རྡོ་རྗེའི་གཏེར་ལུང་ལས། གནས་ལྷ་རྩེའི་གུ་རུ་ཀརྨའི་མིང་། །ཡང་བཱིདྱ་དྷ་ར་ཆུ་སྐྱེས་དང་། །དཔལ་ཡོན་ཏན་ཀུན་ལྡན་པུཎྱེ་གཞན། །ཁྱད་པར་དུ་ག་ག་རཏྣ་ཡིས། །བྱིན་རླབས་ཀྱི་སྤྲུལ་སྐུ་ཤཱི་ལའི་མཚན། །དེ་རྣམས་ཀྱིས་གནས་འདི་དགའ་ཞིང་མཆོད། །ཚུལ་དེ་མཐུས་ཡུལ་འདིར་ལུགས་ཟུང་དར། །སྐྱབས་རྡོ་རྗེ་ཆོས་ཀྱིས་བྱིན་རླབས་པའི། །མི་རྣམ་གསུམ་བཟོད་པའི་བརྟུལ་ཞུགས་ཅན། །ཁོང་འོད་ཟེར་རྡོ་རྗེའི་ཟེར་མདངས་ཀྱིས། །ཡུལ་ཆེ་ཕྲ་འགའ་ལ་ཕན་སྲིད་ཀྱང་། །མི་བདག་དང་འབྲེལ་མིན་རྗེས་སུ་འགྲོ། །ཞེས་པའི་ལུང་བསྟན་ནང་གི་བཱིདྱ་དྷ་ར་ཆུ་སྐྱེས་ཞེས་པའི་དོན་བཱིདྱ་དྷ་ར་ནི་ལེགས་སྦྱར་གྱི་སྐད་དུ་རིག་པ་འཛིན་པ་ཞེས་པའི་དོན་དང་། ཆུ་སྐྱེས་ནི་པདྨའི་མིང་སྟེ། སྡེབ་སྦྱོར་གྱི་དབང་གིས་རིག་འཛིན་པདྨ་ཞེས་པ་དང་། དོན་ལ་པདྨ་རིག་འཛིན་ཞེས་མཚན་དངོས་སུ་ཟིན་ཡོད་པ་ཡིན་ལ། ཚིག་འོག་མ། ཁྱད་པར་དུ་ག་ག་རཏྣ་ཡིས། །ཞེས་པ་ལུང་བསྟན་འོག་མ་ལ་དཔྱད་ན་ག་ག་རཏྣའི་དོན་ཨོ་རྒྱན་རིན་པོ་ཆེའི་མཚན་ཟུར་དང་། བྱིན་རླབས་ཀྱི་སྤྲུལ་སྐུ་ཤཱི་ལའི་མཚན། །ཞེས་པ་ཨོ་རྒྱན་རིན་པོ་ཆེས་བྱིན་གྱིས་བརླབ་པའི་སྤྲུལ་པའི་སྐུ་ཚུལ་ཁྲིམས་མཚན་ཅན་ཞེས་པ་ཤིག་འབྱུང་བར་གསུངས་པ་རེད། དེས་ན་ཁོང་རིན་པོ་ཆེའི་མཚན་ལ་ཆུང་དུས་ནས་པདྨ་རིག་འཛིན་ཟེར་བཞིན་ཡོད་པ་དང་། སློབ་གཉེར་སྐབས་ཀྱི་མཚན་ལ་ཚུལ་ཁྲིམས་ཟེར་བ་ཀུན་གྱིས་ཤེས་གསལ་ལྟར་ལུང་བསྟན་དེར་པདྨ་རིག་འཛིན་དང་ཚུལ་ཁྲིམས་ཞེས་མཚན་གསལ་པོར་ཟིན་ཡོད་པ་དང་། ཡང་ལུང་བསྟན་དེ་ལས། གནས་ལྷ་རྩེ་དགོན་གྱི་དོ་ར་རུ། །དཔལ་ཨོ་རྒྱན་མཁན་པོའི་བྱིན་ཐོབ་མགོན། །ཆོས་ཡོ་ག་གསུམ་གྱི་ཡེ་ཤེས་ལ། །དབང་བསྒྱུར་དེའི་ཟློས་གར་པདྨའི་གཉེན། །དཔལ་རྙིང་མའི་ཕྲིན་ལས་གསལ་བྱེད་ཉི། །ཅེས་དཔལ་ལྡན་ཚོགས་གཉིས་ཀྱི་བྱེད་པོ་མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་ཨོ་རྒྱན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་བྱིན་རླབས་ཐོབ་པའི་མགོན་པོའམ་སྐྱབས་གནས། སྔ་འགྱུར་ཡོ་ག་རྣམ་གསུམ། མདོ་སྒྱུ་སེམས་གསུམ་གྱི་ཡེ་ཤེས་ལ་དབང་བསྒྱུར་བའི་སྤྲུལ་པའི་ཟློས་གར་འཆང་བ་པདྨའི་གཉེན་ཞེས་པ་པདྨའི་མཚན་ཅན་གྱི་སྐྱེས་བུ་ཞིག་གིས་གནས་ལྷ་རྩེ་དགོན་དུ་དཔལ་སྔ་འགྱུར་རྙིང་མའི་ཕྲིན་ལས་དེ་ཉིད་ཉི་མ་ལྟར་གསལ་བར་བྱེད་པ་འམ་དར་བར་མཛད་པར་ལུང་བསྟན་པ་ཡིན་ལ། དེས་ན་ཁོང་རིན་པོ་ཆེས་ཡི་གེ་སྦྱོར་ཀློགས་སྐབས་ནས་ཀུན་གྱིས་ཤེས་གསལ་ལྟར་པདྨ་རིག་འཛིན་ཞེས་འབོད་བཞིན་ཡོད་བས་ལུང་བསྟན་གོང་འོག་གཉིས་སུ་མཚན་གསལ་པོར་ཟིན་ཡོད་པ་ཡིན། དེ་བཞིན་དུ་ཁྲག་འཐུང་བདུད་འཇོམས་གླིང་པ་སོགས་ཀྱིས་ཀྱང་ལུང་བསྟན་དུའང་ཟིན་ཡོད་པའི་ལུང་ཟིན་གྱི་སྐྱེས་བུ་ཞིག་ཏུ་ངོས་འཛིན་བྱས་ཆོག་པར་སྣང་ལ།
ཁོང་རིན་པོ་ཆེ་མཆོག་ལོ་བདུན་གྱི་སྐབས་སུ་ཡུལ་ཚོའི་སློབ་ཆུང་དུ་སློབ་སྦྱོང་མཛད་ཅིང་། དགུང་ལོ་བཅུ་གཉིས་ཙམ་གྱི་ཐོག་ཆོས་ལུགས་ལ་གུ་ཡངས་ཐོབ་པའི་སྐབས་སུ། ཁོ་བོའི་མ་ཡུམ། རིན་པོ་ཆེའི་རང་གི་ཨ་ནེ་ཡིན་པ་ལྷ་ལྕམ་ཞེས་པ་ཡི་གེ་སྦྱོར་ཀློག་དང་དཔེ་ཆ་ལ་མཁས་པ་ཞིག་ཡོད་པ་དེའི་མདུན་ལས་སྒྲོལ་མ་ཉེར་གཅིག་གི་བསྟོད་པའི་ཐོག་ནས་བོད་ཡིག་ལ་སློབ་སྦྱོང་བྱེད་རྒྱུ་ཐོག་མར་འགོ་བཙུགས། དེ་ནས་རང་ལོ་བཅུ་གསུམ་ཐོག་སྔོན་སྦྱངས་གི་བག་ཆག་ཟ་ཟིའི་སྣང་བ་ཤར་དེ་དབུས་ཕྱོགས་སུ་གནས་མཇལ་ལ་འགྲོ་དགོས་པར་ཐུགས་ཉམས་བཞེས་ཏེ། ཕ་མ་དགེ་རྒན་ཨ་ནེ་ལྷ་ལྕམ་སོགས། འབྲེལ་ཡོད་ཀྱི་མི་སྣ་སུ་ལའང་མ་བཤད་པར་གསང་བའི་སྒོ་ནས་རང་ཉིད་གཅིག་པུར་གོམ་སྟབས་ཀྱིས་ལྷ་ལྡན་དུ་གནས་སྐོར་ལ་ཕྱིན། ཉིན་སུམ་བཅུ་སོ་བཞིའི་རྗེས་སུ་ལྷ་སར་འབྱོར། རྒྱང་རིང་ནས་པོ་ཊ་ལའི་གསེར་གྱི་རྒྱ་ཕིབས་དང་གསེར་ཏོག་གི་འོད་ཟེར་ལྷང་ངེར་མཇལ་ཚེ་ཐུགས་ལ་དད་པ་དང་དྭངས་བ་དགའ་ལྷང་ངེ་བར་གྱུར་ཅིང་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་པོ་ཊ་ལ་གཙོ་བོར་བྱས་པའི་གནས་རྣམས་ལ་མཆོད་མཇལ་དང་ཚོགས་གསོགས་སྒྲིབ་སྦྱོང་ལ་ཐུགས་ལྷོད་མེད་དུ་བརྩོན་པར་མཛད་ཅིང་། ཇོ་བོ་ཡིད་བཞིན་ནོར་བུ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱི་དག་སྣང་དང་། དད་པ་དང་མོས་གུས་ཀྱི་བ་སྤུ་གཡོ་ཤིང་། ཉིན་བཅོ་ལྔ་ལ་ཕྱག་དང་སྐོར་བ་མཛད། དེ་ནས་ཕྱིར་ཕེབས་སྐབས་ལམ་བར་དུ་ཁམས་སྡེ་དགེ་པར་ཁང་དང་རྫོགས་ཆེན་དགོན་གཉིས་ལ་གནས་མཇལ་མཛད། རྫོགས་ཆེན་ཤྲཱི་སེངྷར་ཨ་རིག་མཁན་ཆེན་༸པདྨ་ཚེ་དབང་སོགས་དགེ་བའི་བཤེས་གཉེན་མང་པོ་ལ་མཇལ་ཁ་ཞུས། མཁན་རིན་པོ་ཆེ་པདྨ་ཚེ་དབང་གིས་དམིགས་བསལ་གྱིས་ཐུགས་སྨོན་དང་བྱིན་བརླབ་མཛད། དེ་ནས་ཕྱིར་ཕ་ཡུལ་རང་དགོན་དུ་ཕེབས་ནས། ལྕགས་སྐོང་ཀུན་བཟང་ཉི་མའི་གཏེར་ལུང་དུ་ཟིན་པའི་རྟ་ཁྱུང་གཏེར་ཁའི་ཆོས་བདག །གླ་རི་བླ་མ་པདྨ་དང་ལྷ་རྩེ་དགོན་དུ་མཇལ་འཕྲད་གནང་། བླ་མ་པདྨས་མ་འོངས་པར་ལྷ་དགོན་གྱི་བསྟན་པའི་མཛད་འཕྲིན་བསྐྱངས་དགོས་སོགས་ཀྱི་བཀའ་སློབ་མང་པོ་གནང་། རིན་པོ་ཆེ་ལྷ་ལྡན་དུ་གནས་མཇལ་ལ་ཕེབས་པ་འདིས་ཡུལ་ཕྱོགས་ཀྱི་མི་རྣམས་ཡ་མཚན་པར་གྱུར་དེ། གསར་བརྗེ་རྗེས་སུ་གསེར་ཡུལ་ཕྱོགས་ཀྱི་མི་རྣམས་ཐེངས་དང་བོར་དབུས་ཕྱོགས་སུ་གནས་སྐོར་ལ་འགྲོ་བའི་བསྐུལ་མ་རུ་གྱུར། དེ་ནས་སླར་ཡང་ཡི་གེ་ཀློགས་སྦྱོང་ལ་བརྩོན་པར་མཛད། ལྷ་རྩེ་བླ་མ་འཇམ་དཔལ་གྱི་ཡང་སྲིད་གཏེར་སྟོན་ཨ་ལག་དོན་ཡོད་རིན་པོ་ཆེ་གཙུག་ཏུ་བཀུར་ནས་གསེར་སྟོན་ཡེ་ཤེས་རྒྱལ་མཚན་ནས་བརྒྱུད་པའི་གནམ་ཆོས་སྔོན་འགྲོ་ཁྲིད་ཡིག་འབྲིང་པོའི་ཁྲིད་ལུང་ཞུས་ནས་སྔོན་འགྲོ་འབུམ་ལྔ་གསོགས་སྦྱངས་མཛད། ཕྱིར་ལོ་དགུན་དུས་རྟ་ཟླའི་ནང་དུ་ཞབས་རྗེན་དང་རས་འགག་ཙམ་ལ་བརྟེན་ནས་གཏུམ་མོའི་རྩ་རླུང་འཁྲུལ་འཁོར་ལ་བསླབ་པས་རས་རློན་པ་བསྐམས་ཐུབ་པ་ཙམ་བྱུང་། རང་ལོ་བཅུ་བཞི་ནས་ལྷ་དགོན་དུ་མཁན་པོ་༸ཨ་གྱོ་མ་འམ་བློ་བཟང་ཚུལ་ཁྲིམས་དགེ་བའི་བཤེས་གཉེན་ལ་བསྟེན་ནས། མངའ་རིས་པཎ་ཆེན་གྱི་གསུངས་སྡོམ་གསུམ་རྣམ་ངེས་ནས་བཟུང་། དབུ་ཕར་འདུལ་བ་སོགས་ལ་གསན་བསམ་རྒྱ་ཆེར་མཛད། རང་ལོ་བཅོ་བརྒྱད་བར་དུ་ལྷ་རྩེ་དགོན་གྱི་ཁྲི་པའི་འགན་ཁུར་གནང་ནས། སྒྲུབ་པ་སྒྲུབ་ཆེན་རྣམས་ཀྱི་རྡོ་རྗེ་སློབ་དཔོན་དང་། ཤི་བོ་རྣམས་ལ་འཕོ་བ་གནང་པས་ལས་འབྲེལ་ཡོད་པའི་ཤི་བོ་ཕལ་ཆེར་ལ་འཕོ་རྟགས་ཐོན་པ་བྱུང་། དེ་ནས་གྲོང་སྡེ་སོ་སོའི་ནང་དུ་བཀའ་བརྒྱད་དང་ཕུར་པ་གུ་དྲག་ཚེ་སྒྲུབ་སོགས་ཀྱི་རྡོ་རྗེ་སློབ་དཔོན་གནང་ནས་འགྲོ་དོན་མཛད།
ཕྱི་ལོ་༡༩༨༦ལོར་ས་ག་ཟླ་བའི་ཚེས་འགོ་ལ་དཔལ་ཡུལ་མ་དགོན་ཏུ་ཕྱིན་ནས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྐྱབས་རྗེ་༸གྱང་ཁང་ཐུབ་བསྟན་དཔལ་བཟང་པོའི་ཞབས་ལ་གཏུག་དེ་དཔལ་ཡུལ་རྫོགས་ཆེན་སྙན་བརྒྱུད་ཀྱི་བླ་ལུང་ངམ་ཁྲིད་ལུང་རྒྱས་པར་ཞུས། རྗེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་སྒོ་ནས་དེ་སྔོན་སུ་ལའང་གནང་མྱོང་མེད་པའི་རྒྱལ་བ་དཔལ་ཡུལ་བའི་ཞི་ཕྱག་རྫོགས་གསུམ་གྱི་ཁྲིད་ལུང་རྒྱས་པར་བསྩལ་བ་དང་། དཔལ་ཡུལ་བླ་རྒྱུད་རྣམས་ཀྱིས་མནབས་པའི་པདྨ་མཐོང་གྲོལ་གྱི་དབུ་ཞྭ་སུལ་མ་ལས་བཟོས་པའི་རིག་འཛིན་སྲོག་ཞྭ། རྗེ་རང་ཉིད་ཀྱིས་མནབས་པའི་དབུ་ཞྭ་དེ་ཉིད་གནང་ནས་རྡོ་རྗེའི་སློབ་དཔོན་ལ་མངའ་གསོལ་མཛད། མཚན་ལ་རྡོ་རྗེ་སློབ་དཔོན་༸པདྨ་རིག་འཛིན་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་མངའ་གསོལ། དེ་ནས་ཡང་ཕྱིར་ཕེབས་ནས་ལྷ་རྩེ་དགོན་གྱི་ཁྲི་པའི་འགན་ཁུར་མཛད་ནས་སྒྲུབ་པ་སྒྲུབ་ཆེན་རྣམས་ཀྱི་རྡོ་རྗེ་སློབ་དཔོན་དང་། ཤི་བོ་ལ་འཕོ་འདེབས་སོགས་ལོ་མང་བར་དུ་མཛད། དེ་ནས་ལྷ་དགོན་གྱི་གདན་རབས་དང་པོ་གསེར་པ་ཡེ་ཤེས་རྒྱལ་མཚན་དང་པཎ་ཆེན་བི་མ་ལ་ཟུང་གིས་རྣམ་སྤྲུལ་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་རྫོགས་སྐོར་གྱི་གདམས་ངག་རྣམས། བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་དངོས་སློབ་ལྷ་རྩེ་དགོན་པའི་བླ་མ་སྣང་གསལ་དང་། མཁན་པོ་མཁྱེན་ཆུང་གཉིས་ཀྱི་སྐུ་མདུན་དུ་ཞུས། དེ་ནས་ཡང་ཆོས་རྗེས་ཡིད་བཞིན་ནོར་བུ་༸འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་སྐུ་མདུན་ལས་ཕུར་པ་རྡོ་རྗེ་གཞོན་ནུ་དང་འོད་དཔག་མེད་ཀྱི་དབང་། གླིང་རྗེ་གེ་སར་རྒྱལ་པོའི་སྲོག་གཏད་སོགས་ཞུས། དགུང་ལོ་བཅོ་བརྒྱད་པར་བྱང་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་སོང་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་༸འཇམ་དབྱངས་རྒྱ་མཚོ་མཉེས་པ་གསུམ་གྱིས་བླ་མར་བསྟེན། རྗེ་ཉིད་ཀྱིས་ཀྱང་ཐུགས་བརྩེ་བས་རྗེས་སུ་བཟུང་ནས་ལོ་དྲུག་གི་བར་དུ་མདོ་སྔགས་རིག་གནས་སོགས་ལ་སློབ་སྦྱང་བྱས། དེ་དང་དུས་མཉམ་དུ་མཚན་བརྗོད་པར་དཀའ་བ་གུང་ཐང་༸བསྟན་པའི་དབང་ཕྱུག་སྐུ་མདུན་ལས་བདེ་གསང་འཇིགས་གསུམ་དང་། གཉིས་མེད་ཀྱི་རྒྱུད་སྡེ་དཔལ་དུས་ཀྱི་འཁོར་སོགས་ཀྱི་དབང་དང་། མུ་ཏྲ་བརྒྱ་རྩ་སོགས་ཀྱི་དབང་དང་རྗེས་གནང་དང་། དབུ་ཕར་སོགས་ཀྱི་ཁྲིད་ལུང་སོགས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་ཞུས། དགེ་བཤེས་ཆེན་པོ་༸དམུ་དགེ་བསམ་གཏན་སྐུ་མདུན་ལས་སུམ་རྟགས་དག་གསུམ། སྙན་ངག་མེ་ལོང་། དབྱངས་ཅན་སྒྲ་མདོ། བ་རི་བརྒྱ་རྩ་དང་སྣར་ཐང་བརྒྱ་རྩ་སོགས་ཀྱི་དབང་དང་རྗེས་གནང་སྐོར་མང་པོ་དང་། རྗེ་བཙུན་དྷི་ཚ་༸ཡེ་ཤེས་རྒྱ་མཚོའི་སྐུ་མདུན་ལས་ཀྱང་དུས་འཁོར་རྩ་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་སོགས་འགྲེལ་བ་རྣམས་དང་། བདེ་མཆོག་རྫོགས་རིམ་གྱི་ཁྲིད་ལུང་དང་། གསང་བདག་ཉི་མ་མདུང་གང་མའི་རྗེས་གནང་དང་། རྗེ་ཉིད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་བ་སོགས་ཁྲིད་ཁ་དཀོན་པོའི་རིགས་མང་དུ་ཞུས།
དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས། སྔ་འགྱུར་རྒྱལ་བ་དཔལ་ཡུལ་བའི་གདན་ས་གཉིས་པ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆོས་ཞུགས་མཛད་ནས། མཚན་བརྗོད་པར་དཀའ་བ་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་རྗེ་༸གྲུབ་དབང་པདྨ་ནོར་བུ་མཉེས་པ་གསུམ་གྱིས་བླ་མར་བསྟེན་ནས་ཕྱག་རྫོགས་ཟུང་འབྲེལ་གྱི་བསྟན་པ་ཤར་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་རྣམ་གསུམ་གྱི་གཙོས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་ཁྲིད་གསུམ་རྣམས་ལོ་མང་བར་ཞུས། དེ་དང་མཉམ་དུ་མཁན་ཆེན་རྣམས་གསུམ་ལས་གསང་བ་སྙིང་པོ་ལེགས་བཤད་མཛོད་ལྡེ། སྤྱི་དོན་འོད་གསལ་སྙིང་པོ་དང་བདེ་གཤེགས་སྙིང་པོ་སྟོང་ཐུན་སེངྒེ་ང་རོ་སོགས་ལ་ཐོས་བསམ་མང་དུ་མཛད། བཀའ་མའི་སྒྲུབ་ཆེན་སྐབས་སུ་ཕུར་པའི་རྡོ་རྗེ་སློབ་དཔོན་མཛད། དབྱར་གནས་སྐབས་སུ་ཚོགས་ལངས་གནང་ནས་དབུ་སེམས་དྲང་ངེས་ཀྱི་བཤད་པ་མཛད། དགེ་བསྙེན་རྣམས་ལ་ལས་རྒྱུ་འབྲས་སོགས་ཀྱི་ཁྲིད་ཁ་དང་། གཞི་ཆགས་གྲོང་སྡེ་རྣམས་སུ་ནད་པ་ལ་ཞབས་རིམ་དང་། ཤི་བོ་ལ་འཕོ་བ་སོགས་ཀྱང་གནང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་བཀའ་དགོངས་བཞིན་ཞག་ཉེར་གཅིག་ཙམ་ལ་རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་བསྙེན་མཚམས་དམ་པོར་གནང་བ་དང་མཇུག་ཏུ་རྫོགས་རིམ་གྱི་དོད། སྦྱིན་སྲེག་ཀྱང་ཞིབ་རྒྱས་སུ་གནང་།
དེ་ནས་རང་ལོ་ཉེར་བརྒྱད་པ་ཕྱི་ལོ་༡༩༩༦ལོར་སྐྱབས་རྗེ་༸གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་དབུ་ཞྭ་གནང་ཤིང་། སྐྱབས་རྗེ་རིན་པོ་ཆེས་དངོས་སུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སེངྒ་པཱུར་ལ་ཁྲིད་གནང་མཛད། སྐབས་དེར་སྐྱབས་རྗེ་རིན་པོ་ཆེས་དབང་ལུང་སོགས་བྱས་ཆོག་པའི་དགོངས་གནང་དང་། ཆོས་དང་འཇིག་རྟེན་སོགས་ཀྱི་བཀའ་སློབ་དང་བཅས། རང་ཉིད་ཀྱི་སྐུ་ཚབ་ཏུ་མངའ་གསོལ་མཛད། རྒྱལ་ཁབ་དེར་ནང་ཆོས་ངོ་སྤྲོད་སོགས་ཀྱི་ཆོས་སྤེལ་བར་ལོ་ངོ་ཉེར་ལྔ་ཙམ་སོང་ལ། དེ་དང་མཉམ་དུ་ཨེ་ཤི་ཡའི་རྒྱལ་ཁབ་མི་ཉུང་བ་ཞིག་དང་ཨ་རི། ཨོ་སི་སྟྲ་ལི་ཡ། ཧྥ་རན་སི། དབྱིན་ཇི་རྒྱལ་ཁབ་སོགས་སུ་ནང་ཆོས་ངོ་སྤྲོད་གྱི་འཆད་ཁྲིད་བྱས་དང་བྱས་བཞིན་པར་བཞུགས་ཤིང་།
སྤྱི་ལོ་༡༩༩༩ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་འཛིན་གྲྭ་གཅིག་པ་རྣམས་ཀྱི་ཕར་ཕྱིན་དམ་བཅའི་མཛད་སྒོ་ལ་ཞུགས་ནས། གྲྭ་ཚང་གིས་ཐུགས་བརྩེ་བས་སྒོ་ནས་སྔོན་མར་བྱང་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ལས་སློབ་སྦྱངས་ལོ་མང་བར་དུ་བྱས་པར་བརྟེན། དེ་སྔོན་སུ་ལའང་གནང་མྱོང་མེད་པའི་འབྲས་སྤུངས་རབས་འབྱམས་པ་ཞེས་པའི་མཚན་གནས་ལག་ཁྱེར་གནང་། ལོ་དེར་བོད་ནང་དུ་ཕེབས་ནས་ལྷ་རྩེ་དགོན་ཏུ་སྐུ་གོང་མའི་ཐུགས་བཞེད་བཞིན་གཙུག་ལག་ཁང་གསར་བ་ཞིག་བཞེངས་རྒྱུའི་དབུ་འཛུགས་མཛད་ནས་༢༠༠༥ལོའི་ས་ག་ཟླ་བའི་ཚེས་བདུན་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་དུས་ཆེན་ཉིན། སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་རྗེ་༸པད་ནོར་རིན་པོ་ཆེས་ཐུགས་དགོངས་བཞིན། དཔལ་ཡུལ་མ་དགོན་ནས་སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་༸སྤྲུལ་ཐུབ་བསྟན་དཔལ་བཟང་པོ་མཆོག་དངོས་སུ་ཆིབས་བསྒྱུར་གནང་ནས་སྒོ་འབྱེད་མཛད། རྒྱལ་བ་དཔལ་ཡུལ་བའི་ཕ་ཆོས་བཀའ་དགོངས་ཕུར་གསུམ་གྱི་དབང་ལུང་གནང་བར་བསྐུལ་མ་མཛད་ཅིང་། དབང་ཡོན་མཎྜལ་གྱི་ཚན་གྲངས་མང་དུ་ཕུལ། ལྷ་དགོན་གྱི་དགོན་ལག་རྣམས་ནས་ཕེབས་པའི་གྲྭ་བཙུན་སྟོང་ལ་ཉེ་བ་རྣམས་ཀྱིས་ཉིན་བདུན་རིང་ལ། ཆོས་རྒྱལ་གཏེར་ཆེན་རཏྣ་གླིང་པའི་གཏེར་ཁ་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒོ་ནས་བཀྲ་ཤིས་ཆར་འབེབས་ཀྱི་རབ་གནས་རྒྱས་པར་མཛད། སྔ་གྱུར་བཀའ་མ་ཚར་བརྒྱ་ལྷག་པར་སྐྲུན་མཛད་ནས་དགོན་ལག་དང་མཁན་སྤྲུལ་རྣམས་ལ་ཆོས་སྦྱིན་གནང་། སྤྱི་ལོ་༡༩༩༨ལོ་ནས་བཟུང་དགོན་ནང་དུ་སློབ་གྲྭ་བཙུགས་ནས་གྲྭ་ཆུང་རྣམས་ལ་སློབ་སྦྱོང་གི་དགེ་རྒན་དང་། ཟུར་དུ་སློབ་ཁང་བརྒྱབ་པ་དང་བཞེས་ལག་སོགས་མཐུན་རྐྱེན་སྦྱར་ནས་ལོ་ཆུང་མི་ཉུང་བ་ཞིག་བྱམས་པས་བསྐྱེད་བསྲིངས་མཛད། དེ་ནས་དགོན་པའི་ལྷ་ཁང་རྙིང་པ་བཤད་གྲྭའི་ཚོགས་ཁང་བྱས་ནས། མདུན་ཕྱོགས་སུ་མཁན་པོ་དང་དགེ་འདུན་པ་རྣམས་ཀྱི་གྲྭ་ཤག་བརྒྱབ། དཔལ་ཡུལ་མ་དགོན་ནས་མཁན་པོ་གདན་ཞུ་བྱས་ནས་བཤད་གྲྭ་བཙུགས། སྒྲུབ་ཁང་ཡང་སླར་གསོ་མཛད། མདོར་ན་སློབ་གྲྭ །བཤད་གྲྭ་དང་སྒྲུབ་གྲྭ་སོགས་གྲྭ་གསུམ་ལ་མཐུན་སྐྱེན་སྦྱར་བ་སོགས་ཀྱིས་བཤད་སྒྲུབ་ལས་གསུམ་ལ་འབད་བརྩོན་ཆེན་པོས་ལོ་མང་བར་དུ་སྲི་ཞུ་བསྒྲུབས་ཤིང་། གསེར་ལྷ་རྩེ་དགོན་དུ་སྔོན་ཆད་བྱུང་མྱོང་མེད་པའི་བསྟན་པའི་གཞི་བཙུགས། དེ་བཞིན་དགོན་ལག་རྣམས་ལའང་བསྟན་པ་རིན་པོ་ཆེ་བསྐྱངས་སྟངས་སོགས་ཀྱི་བཀའ་སློབ་ལེགས་པར་བསྩལ་ཤིང་འགྲོ་གྲོན་གནང་བ་སོགས་ཀྱིས་སྐུལ་མ་མཛད། ད་ལྟ་ནི་གསེར་ཐང་བླ་རུང་ནང་བསྟན་སློབ་གླིང་གི་སྒྲིག་གཞིའི་འོག་ལྷ་དགོན་སྤྱིའི་དགེ་བསྐོས་དང་། བཤད་གྲྭ་སློབ་གྲྭ་སྒྲུབ་གྲྭ་དང་དགེ་བསྙེན་སྡེ་རྣམས་ཀྱི་དགེ་བསྐོས་དང་མཁན་པོ་སོགས་བསྐོས་བཞག་གནང་བ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་དགོན་པའི་བཤད་སྒྲུབ་ལས་གསུམ་གྱི་ལས་དོན་གྱི་ཁུར་ཆེན་ཅུང་ཟད་ཡང་པོར་བྱུང་ནས་ཕྱི་གླིང་སོགས་སུ་ནང་བསྟན་ངོ་སྤྲོད་གྱི་བྱ་ལས་ལ་ཞུགས་བཞིན་པ་ལེགས་སོ། །
ལྷ་རྩེ་རིན་པོ་ཆེ་མཆོག་ནི་གདུང་རྒྱུད་ཀྱི་དབང་དུ་བྱས་ན། གོང་དུ་བཤད་པའི་གསེར་ལྷ་རྩེའི་གདུང་རིགས་འཛིན་པའི་བརྒྱུད་པ་གལ་ཆེན་ཅིག་ཡིན་ཅིང་། ལོ་ངོ་སུམ་བརྒྱ་བཞི་བཅུ་ཙམ་གྱིས་ནང་དུ་གསེར་ལྷ་རྩེ་གྱང་ར་ཚང་གི་གདུང་བརྒྱུད་ལས་གདུང་སྲས་གཅིག་གིས་གསེར་ལྷ་རྩེ་དགོན་པའི་དགོན་བདག་བྱས་སྲོལ་ཡོད་པ་བཞིན། དུས་རབས་ཉི་ཤུ་པའི་མཇུག་ཙམ་ནས་རིན་པོ་ཆེ་མཆོག་ལྷ་དགོན་གྱི་དབང་ལུང་གི་བསྟན་པའི་བདག་པོ་ཨ་ལག་དོན་ཡོད་དང་བླ་མ་སྣང་གསལ་སོགས་བླ་གྲྭ་ཆེ་རྒན་རྣམས་ཀྱིས་དགོན་བདག་དུ་མངའ་གསོལ་བ་བཞིན་གསེར་ལྷ་རྩེ་དགོན་པའི་གསེར་ཁྲིའི་མངའ་བདག་ཡིན་ཅིང་། ལྷ་རྩེ་དགོན་པའི་ཁྲི་རབས་དང་པོ་གསེར་སྟོན་ཡེ་ཤེས་རྒྱལ་མཚན་ནས་རིམ་པར་ལྷ་རྩེ་མཁར་བའི་རྒྱུད་གྱང་ར་ཚང་གི་གདུང་བརྒྱུད་དུ་ལྷ་རྩེ་མཁྱེན་བརྩེ་འོད་ཟེར། ལྷ་རྩེ་སྐྱབས་མགོན་སངས་རྒྱས་དཔལ་ལྡན། ལྷ་རྩེ་འཇམ་དཔལ་རྒྱ་མཚོ། ལྷ་རྩེ་བླ་མ་ཐུབ་བསྟན་ཐར་བ་རྒྱལ་མཚན་དང་ལྷ་རྩེ་དབོན་སྤྲུལ་པདྨ་རིག་འཛིན་བར་བླ་བརྒྱུད་དྲུག་ཙམ་འཁྲུངས། དུས་རབས་བཅུ་བདུན་པའི་ནང་དུ་གསེར་སྟོན་ཡེ་ཤེས་རྒྱལ་མཚན་བྱོན། སྔ་འགྱུར་ཀཿཐོག་ཏུ་གྲྭ་སར་བྱོན་ནས་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་དང་རིག་འཛིན་ཀློང་གསལ་སྙིང་པོ། སྟག་བླ་པདྨ་མ་ཏི། སངས་རྒྱས་བཀྲ་ཤིས་སོགས་སྔ་འགྱུར་གྱི་རིག་འཛིན་གྲུབ་ཐོབ་མང་པོའི་མདུན་ལས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། དཔལ་ཡུལ་འོད་གསལ་སྒང་དུ་འོད་གསལ་རྫོགས་པ་ཆེན་པོའི་ཀ་དག་ཁྲག་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་སྣང་བཞིའི་ཡེ་ཤེས་ལ་དབང་འབྱོར་ནས་གྲུབ་པའི་དབང་པོར་གཤེགས། ཁོང་གི་ཤུགས་སྐྱེན་གྱིས་ཁམས་སྡེ་དགེ་ནས་བཟུང་རྡོ་གསེར་སྙི་གསུམ་དང་མགོ་ལོག་ཨ་སྐྱོང་ཁག་གསུམ་ཚུན་ཆད་དང་། རྒྱལ་རོང་ཁོ་གྲོང་ཡན་ཆད་དུ་དགོན་ལག་བདུན་བརྒྱ་ཙམ་བྱུང་བས། གསེར་ལྷ་རྩེ་དགོན་པའི་ཁྲི་རབས་དང་པོའི་དུས་སུ། བསྟན་པ་རིན་ཆེ་དེ་ཉིད་ཤིན་ཏུ་དར་ཁྱབ་བྱུང་བ་ཡིན། དེ་ནས་དུས་རབས་བཅོ་བརྒྱད་པའི་ནང་དུ་ལྷ་རྩེ་མཁྱེན་བརྩེ་འོད་ཟེར་གྱིས་ལྷ་རྩེ་དགོན་གྱི་སྒྲུབ་ཁང་ཟུར་དུ་བཞེངས་ནས། གཙོ་བོར་ཐུགས་སྲས་སློབ་བུ་བཞི་སོགས་བསྐྱེད་བསྲིངས་མཛད་ནས། འཇའ་ལུས་ཐོབ་པ་བཅུ་གསུམ་ཙམ་བྱུང་ནས་སླར་ཡང་ལྷ་དགོན་གྱི་བསྟན་པ་རྒྱ་ཆེར་དར་བར་མཛད། ལྷ་རྩེ་ཐུབ་བསྟན་ཐར་བ་རྒྱལ་མཚན་གྱིས་གསེར་སྟོན་ཡེ་ཤེས་རྒྱལ་མཚན་གྱི་ཕྱག་ཞེས་སྔ་འགྱུར་དཔལ་ཡུལ་བའི་ཡོ་ག་གསུམ་གྱི་སྒྲུབ་རྒྱུད་བསྟན་པའི་གཞུང་ལུགས་ཀྱི་མཐོང་བ་བརྒྱུད་པ་ལྷ་ལུགས་ཞེས་པའི་ཆོ་གའི་ཕྱག་ལེན་དང་འབུད་རྡུང་དཀྲོལ་གསུམ་སོགས་ཀྱི་བརྒྱུད་པ་མ་ཉམས་པར་དར་བར་མཛད་པ་སོགས་ཀྱི་ལོ་རྒྱུས་མང་ངོ་། །
སྤྲུལ་བརྒྱུད་ཀྱི་དབང་དུ་བྱས་ན། གསེར་པ་ཡེ་ཤེས་རྒྱལ་མཚན་གྱི་སྐུ་འཕྲེང་བཞི་པར། སེ་ར་ཡང་སྤྲུལ་དང་ཛ་འགོ་རྟོགས་ལྡན་གཉིས་ཀྱིས་ཐུགས་ཡིད་གཅིག་མཐུན་གྱིས་ངོས་འཛིན་གནང་ཤིང་། སྐུ་འཕྲེང་དང་བོ་རྒྱལ་བ་དཔལ་ཡུལ་བའི་གདན་རབས་དང་པོ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་དྭངས་མ་གསེར་སྟོན་ཡེ་ཤེས་རྒྱལ་མཚན་ཡིན་ལ། རྗེ་འདི་ཉིད་ཀྱིས་སྐྱེ་བ་སྔ་མ་ཉི་ཤུ་རྩ་ལྔ་ཙམ་གསལ་པོར་དྲན་པ་ལས། རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བར་བ་ཤེར་ཕྱིན་གྱི་གདུལ་བྱའི་གཙོ་བོ་སུ་བྷཱུ་ཏི་འམ་རབ་འབྱོར་དང་། གངས་ཅན་བོད་དུ་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཆོས་འཁོར་བསྐོར་བའི་ཚེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་ཅིང་། དུས་རབས་དགུ་པར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་གཏེར་སྟོན་ཆེན་པོ་རྒྱ་ཞང་ཁྲོམ་རིན་ཆེན་འབར་དང་། དུས་རབས་བཅུ་གསུམ་བར་གཏེར་ཆེན་ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན། དུས་རབས་བཅུ་བཞི་པར་གཏེར་ཆེན་ཨོ་རྒྱན་དྲི་མེད་ཀུན་དགའ། སྐོང་པོའི་ཡུལ་དུ་ཀུན་ལ་ཕན་སེམས་ཆེ་བ་ཚང་དཔོན་བསོད་ནམས་དར་རྒྱས་དང་། །སྐོང་པོའི་སྨད་དུ་བསྒོམ་ཆེན་དགེ་མ་བསོད་ནམས་སྒྲོན། དྭགས་པོ་དབོན་པོ་བསྒོམ་པ་ཚུལ་ཁྲིམས་སྙིང་པོ་དང་། བྲག་ནག་པ་དགེ་སློང་བསྟན་འཛིན་དཔལ་དང་། གཏེར་སྟོན་ཆེན་པོ་སངས་རྒྱས་གླིང་པའི་གདུང་སྲས་ཡེ་ཤེས་རྡོ་རྗེ་དང་། རདྣ་གླིང་པའི་རྩ་སློབ་དབང་ཆེན་བཟང་པོ་དང་། ཀཿཐོག་ཁམས་ནས་ཁྱེའུ་ཆུང་བསོད་ནམས་དཔལ་དང་། དམ་པ་བདེ་གཤེགས་ཉེ་གནས་དགེ་སློང་ཚུལ་ཁྲིམས་རིན་ཆེན་དང་། རྒྱུད་འཛིན་དམ་པ་བསོད་ནམས་མཆོག་བཟང་ཞབས་དང་། མཚན་ལྡན་བླ་མ་སངས་རྒྱས་རིན་ཆེན་དང་། གསེར་རོང་ལྷ་རྩེ་བླ་མ་བཀའ་བཅུ་པ། ས་སྐྱ་བསོད་ནམས་དཔལ་བཟང་ཞབས་སོགས་སྐྱེ་རབས་ཀྱི་འཕྲེང་བ་མང་དུ་བཞུགས་ཡོན་ཅིང་། དགོན་འདིར་དངོས་སུ་སྐུའི་སྐྱེ་བ་བཞེས་པ་ནི་གསེར་པ་ཡེ་ཤེས་རྒྱལ་མཚན་ནམ་ཡེ་ཤེས་སེངྒེ་སྐུ་འཕྲེང་དང་པོ་ཡིན་ཤིང་། སྐུ་འཕྲེང་གཉིས་པ་ནི་རྡོ་གྲུབ་རྒན་གྱི་རྡོ་རྗེའི་གདུང་ཆེན་བཞིའི་ཡ་གྱལ་རྫོགས་ཆེན་དཔལ་སྤྲུལ་གྱི་རྩ་བའི་བླ་མ་རྡོ་བླ་འཇིགས་མེད་སྐལ་བཟང་རྡོ་རྗེ་དང་། སྐུ་འཕྲེང་གསུམ་པ་ལྷ་རྩེ་དགོན་པའི་གསེར་ཁྲིའི་མངའ་བདག་སྐྱབས་རྗེ་༸ཐུབ་བསྟན་ཐར་བ་རྒྱལ་མཚན་དང་། སྐུ་འཕྲེང་བཞི་པ་ད་ལྟ་འཚོ་ཞིང་བཞུགས་པ་ལྷ་རྩེའི་གདུང་རིགས་སུ་འཛིན་པ་༸པདྨ་རིག་འཛིན་ནམ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ་ཡིན་ནོ། །
རིག་འཛིན་གྲུབ་ཐོབ་གོང་མའི་རྣམ་ཐར་བཞིན། །མཁས་གྲུབ་དུ་མའི་རྗེས་བཟུང་ཐོས་བསམ་མཛད། །
མདོ་སྒྱུ་སེམས་ཀྱི་ཤེས་རབ་གཤོག་རྩལ་རྒྱས། །འཛམ་གླིང་ཀུན་ཏུ་འགྲོ་དོན་མཐར་ཕྱིན་ཤོག །
རྩ་གསུམ་ཚེ་ལྷ་རབ་འབྱམས་བདེན་སྟོབས་ཀྱིས། །གང་གི་སྐུ་ཚེ་ཡུན་དུ་འཚོ་བཞེས་གསོལ། །
མཛད་འཕྲིན་འོད་སྣང་དཀར་པོས་ཕྱོགས་ཀུན་ཁྱབ། །འབྲེལ་ཚད་ཕྱིར་མི་ལྡོག་པའི་ས་ནོན་ཤོགས། །
བཀྲ་ཤིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །བཀྲ་ཤིས་བྱིན་རླབས་འོད་སྟོང་འབར་བ་ཡིས། །
བཀྲ་ཤིས་ཕུན་ཚོགས་སྣང་བའི་ས་གསུམ་ཁྱབ། །བཀྲ་ཤིས་དགེ་བའི་དཔལ་ལ་རོལ་བར་ཤོགས། །
ཅེས་པ་ལྷ་རྩེ་དབོན་སྤྲུལ་པདྨ་རིག་འཛིན་གྱི་རྣམ་ཐར་མདོར་བསྡུས་པདྨའི་དགའ་ཚལ་འདི་ཉིད་ནི། དབོན་སྤྲུལ་རིན་པོ་ཆེའི་དབྱིན་ཇི་རྒྱལ་ཁབ་ཀྱི་སློབ་ཚོགས་རྣམས་ཀྱིས་བསྐུལ་ངོར་གཡུ་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེས་ཕྱི་ལོ་༢༠༢༤ལོ་ཟླ་༡༡པའི་ཚེས་༢༨ཉིན་བྲིས་པ་དགེའོ། །
༄༅། །ཞབས་བརྟན་གསོལ་འདེབས་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭ་སྟི་བདེ་ལེགས་སུ་གྱུར་ཅིག ། ཀ་དག་རང་བཞིན་འོད་གསལ་གཉུག་མའི་ངང་། །ལྷུན་གྲུབ་གཞོན་ནུ་བུམ་སྐུ་སྒྱུ་འཕྲུལ་སྤྲིན། །ཀུན་གསལ་ཁྱོན་དང་མཉམ་འཇུག་གྲུབ་གཉིས་ཆར། །འབེབས་མཛད་རྩ་གསུམ་བརྒྱུད་བཅས་དེང་འདིར་སྲུངས། །ལྷར་བཅས་འགྲོ་བ་འདྲེན་སླད་སྒྱུ་འཕྲུལ་སྐུར། །རྩེ་དགའ་དགོད་པའི་པདྨའི་གདུང་འཛིན་པ། །མ་རིག་མུན་སེལ་སྒྲོན་མེ་འོད་སྣང་གིས། །འཛིན་མའི་ཁྱོན་ཀུན་གསལ་མཛད་དེ་ལ་འདུད། །འཇམས་དབྱངས་མཁྱེན་པའི་གཏེར་དང་མི་གཉིས་པའི། །རྣམ་དཔྱོད་སྲོག་ཤིང་ནོར་བུའི་ཏོག་མཛེས་པ། །ལུང་རིག་གོས་བཟང་གིས་བཀླུབས་ཐུབ་པའི་བསྟན། །མི་ནུབ་རྒྱལ་མཚན་བསྒྲེངས་ལ་གསོལ་བ་འདེབས། །ཕྱག་རྫོགས་ཟབ་དོན་བདུད་རྩི་ཉིང་ཁུ་ཡིས། །ཐུགས་ཀྱི་བུམ་པ་ཡོངས་འཁྱིལ་སྐལ་བཟང་འགྲོ །སྨིན་མཛད་རང་ཤར་རང་གྲོལ་གདམས་པའི་མཛོད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞབས་བརྟན་ཤོག །བཀའ་གཏེར་རྒྱ་མཚོའི་ཁྱོན་ལ་དབང་བསྒྱུར་བས། །རི་བྲག་ཆུ་གསུམ་ཟབ་གཏེར་ནོར་བུའི་མཛོད། །སྒོ་བརྒྱར་འབྱེད་པའི་ལྡེ་མིག་རྒྱན་འཆང་བའི། །རིག་འཛིན་གདེངས་ཅན་དབང་པོ་ཞབས་བརྟན་ཤོག །མདོ་སྒྱུ་སེམས་གསུམ་མན་ངག་ནམ་མཁའི་མཐོངས། །རྣམ་དཔྱོད་གཤོག་རླབས་བསྐྱོད་པའི་རྩལ་རྫོགས་པས། །ཕས་རྒོལ་ལག་འགྲོས་མི་བཟོད་མཆུ་སྡེར་ཅན། །གྲུབ་དབང་མཁའ་ལྡིང་དབང་པོ་ཞབས་བརྟན་ཤོག །གསར་རྙིང་གྲུབ་མཐའ་རྒྱ་མཚོ་ཕ་རོལ་སོན། །གཟུར་གནས་བསིལ་བུར་བསྐྱོད་པའི་སྙན་གྲགས་ཀྱིས། །མངོན་རློམ་ཕལ་པའི་ལོ་འདབས་སར་ཕབ་པའི། །བཤེས་གཉེན་ཡོངས་འདུ་དབང་པོ་ཞབས་བརྟན་ཤོག །མཚོ་སྐྱེས་རྒྱལ་བའི་གངས་རི་ལས་འོངས་བའི། །ངེས་གསང་རྒྱུད་བཞི་ཁ་བབས་རྣམ་པ་བཞི། །སྙན་ཁུངས་བརྒྱུད་པའི་ཡུ་བར་ལ་དྲངས་ནས། །བསྐལ་བཟང་ཞིང་སར་འདྲེན་མཁས་ཞབས་བརྟན་ཤོག །ཕྱི་ནང་རིག་གཞུང་དུ་མ་ཐུགས་ཆུད་པས། །ལེགས་པར་བཤད་པའི་འོད་སྟོང་འབར་བ་ཡིས། །དབྱིག་འཛིན་ཁྱོན་ཀུན་བློ་གྲོས་པདྨོའི་གཉེན། །དཔལ་ལྡན་ཉིན་བྱེད་དབང་པོ་ཞབས་བརྟན་ཤོག །སྣང་གྲགས་རིག་གསུམ་ཐུགས་ལ་མངོན་གྱུར་ཚེ། །མངོན་སྤྱོད་ཞོ་འཐུང་རུས་པའི་རྩིབས་བརྒྱ་ཡིས། །སྨྲ་ངན་འབོད་སྒྲོགས་བྲག་རི་འཇོམས་མཛད་པའི། །དྲག་སྔགས་གྲུབ་པའི་དཔའ་བོ་ཞབས་བརྟན་ཤོག །སྡོམ་གསུམ་ཁྲིམས་ཀྱི་རྩ་བ་རབ་ཏུ་བརྟན། །ཐོས་བསམ་སྒོམ་པའི་ཡལ་འདབ་ཆེས་འཁྲིགས་ཤིང་། །སྐུ་གསུམ་འབྲས་བུས་འགྲོ་རྣམས་སྨིན་མཛད་པའི། །སྐྱེས་མཆོག་དཔག་བསམ་དབང་པོ་ཞབས་བརྟན་ཤོག །རྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོ་དང་། །བཀའ་གཉན་བྲན་འཁོར་མ་སྲིང་དམ་ཅན་ཚོགས། །བདག་གིས་སྨོན་པའི་དོན་རྣམས་མ་ལུས་པ། །ཐོགས་མེད་བསྒྲུབ་ལ་མ་གཡེལ་གྲོགས་མཛོད་ཅིག །ཅེས་ཞབས་བརྟན་གསོལ་འདེབས་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་འདི་བཞིན་མདོ་ཁམས་ས་ཡི་ཐིག་ལེར་མགོ་ལོག་གསེར་རྟ་ཁུལ་གྱི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྷ་རྩེ་དགོན་གསང་སྔགས་རབ་བརྟན་གླིང་པའི་བསྟན་བདག་སྤྲུལ་སྐུ་པདྨ་རིག་འཛིན་ནམ་འཇམ་འབྱངས་ཚུལ་ཁྲིམས་རྒྱ་མཚོ་ཉིད་ཀྱི་སྐུ་མཆེད་བཙུན་པ་མུན་སེལ་སོགས་ཀྱིས་རབ་སེར་ལྷ་རེག་དང་རྟེན་བཅས་བསྐུལ་ངོར། དགའ་ལྡན་ཁྲི་ཐོག་བརྒྱ་པ་འབྲས་བློ་གླིང་ཚ་བ་རབ་འབྱམས་པ་བློ་བཟང་ཉི་མ་ནས་གྲོང་ཁྱེར་སེངྒ་པུར་བྱམས་སྙིང་ཕན་གྲོགས་ཚོགས་པའི་ཚོགས་ཁང་དུ་སྤྱི་ལོ་༢༠༠༢ལོ་ཕྱི་ཟླ་༤པའི་ཚེས་༣ཉིན་སྦྱར་བའོ། །སརྦ་མངྒ་ལཾ། །དགེའོ། །